ན་ལེནྡྲ། Ι Nalanda Monastery
ངོ་སྤྲོད།
ཞུན་དགགནས་ཆེན་ལྕང་ལོ་ཅན་དུ་གསང་བའི་བདག །འཕགས་པའི་ཡུལ་དུ་རྒྱལ་པོ་མ་སྐྱེས་དགྲ། །ཁ་བ་ཅན་དུ་གྲུབ་ཐོབ་རས་ཆུང་པ། །ཡང་སྤྲུལ་རྒྱལ་བ་ཤཱཀྱའི་ཞབས་ལ་བསྔགས། །ཞེས་མཆོད་པར་བརྗོད་ནས། དཔལ་ན་ལནྡྲའི་གནས་ཀྱི་ཆགས་ཚུལ་ཆ་ཙམ་ཞིག་ཞུ་ན།
རྒྱ་གར་འཕགས་པའི་ཡུལ་དུ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མཆོག་གི་གནས་དང་། མཁས་པ་འབྱུང་སའི་གཙུག་ལག་ཁང་བསམ་གྱི་མི་ཁྱབ་པ་ཡོད་པའི་གྲལ་ལས་མཁས་པ་འབྱུང་སའི་གཙུག་ལག་ཁང་གཅིགཔ་འདི་དཔལ་ན་ལནྡྲའི་གཙུག་ལག་ཁང་འདི་ཨིན་མས། དེ་བཟུམ་མའི་གཙུག་ལག་ཁང་རྒྱ་གར་འཕགས་པའི་ཡུལ་དུ་བདུད་སྡིག་ཅན་འདི་ཚུའི་མིང་ཙམ་ལུ་གྱུར་བཏངམ་ལས་བརྟེན། འབྲུག་གི་རྗེ་མཁན་ཁྲི་རབས་དགུ་པ་རྒྱལ་བ་ཤཱཀྱ་རིན་ཆེན་མཆོག་ཐུགས་ཀྱི་བཟོད་མ་ཚུགས་པར། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་ཐབས་ལུ་འཕགས་པའི་ཡུལ་དུ་ཡོད་པའི་དཔལ་ན་ལནྡྲའི་གཙུག་ལག་ཁང་གི་ཚབ་ལུ་ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ཡང་དཔལ་ན་ལནྡྲའི་གཙུག་ལག་ཁང་བཞེངས་གནང་ནུག།
ཆགས་རབས།
ཞུན་དགདེ་ཡང་སློབ་དཔོན་ཡོན་ཏན་རྒྱལ་མཚན། (གནམ་ལོ་མེད་ ཤྲི་ན་ལནྡྲའི་གནས་བཤད་གསལ་བའི་མེ་ལོང་བཞུགས་སོ)རབ་བྱུང་ ༡༣ པའི་སྤྱི་ལོ་ ༡༧༥༤ ལོ་ལུ། ལྕང་ལོ་ཅན་གྱི་ཞིང་ཁམས་ལུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། རྒྱ་གར་འཕགས་པའི་ཡུལ་དུ་ས་སྐྱོང་གི་རྒྱལ་པོ་མ་སྐྱེས་དགྲ། བོད་ཁ་བ་ཅན་དུ་རས་ཆུང་རྡོ་རྗེ་གྲགས་པ་ལ་སོགས་པའི་སྤྲུལ་པ་འབྲུག་གི་རྗེ་མཁན་ཁྲི་རབས་དགུ་པ་རྒྱལ་བ་ཤཱཀྱ་རིན་ཆེན་མཆོག་གིས། རྒྱ་གར་འཕགས་པའི་ཡུལ་དུ་མཁས་པ་བྱུང་སའི་གཙུག་ལག་ཁང་ལེ་ཤ་ཡོད་དེ་འབད་རུང་། བླང་དོར་གྱི་གནས་མ་ཤེས་པའི་མི་ བདུད་སྡིག་ཅན་འདི་ཚུའི་མིང་ཙམ་ལུ་གྱུར་བཏང་མི་ལུ་ཐུགས་ཀྱི་བཟོད་མ་ཚུགས་པར་དཔལ་ལནྡྲའི་གཙུག་ལག་ཁང་གི་ཚབ། སངས་རྒྱས་ཀྱི་བསྟན་པ་མི་ཉམས་པ་གོང་འཕེལ་བཏང་ནི་གི་དོན་ལུ་འབྲུག་རྒྱལ་ཁབ་སྤུངས་ཐང་ཁའི་གཡུས་ཚན་དགའ་ཏོག་ཏོ་ཅིག་ནང་ལོ་གཅིག་གི་རིང་ལུ་བཞེངས་གནངམ་ལས། ནང་རྟེན་ཡང་སྐུ་རྟེན་དུས་གསུམ་སངས་རྒྱས་ལ་སོགས་པ་དང་། གསུང་རྟེན་བཀའ་འགྱུར་བྲིས་མ་སྤུས་ལེགས་པ། ཐུགས་རྟེན་བྱང་ཆུབ་མཆོད་རྟེན་ལ་སོགས་པ་ རང་ལུགས་གནམ་ལོ་ཤིང་མོ་ཕག་ལོ་སྤྱི་ལོ་ ༡༧༥༥ ལུ་དཔལ་ན་ལནྡྲའི་གཙུག་ལག་ཁང་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པར་བཞེངས་གྲུབ་པའི་རབ་གནས་ཡང་རྒྱས་ཤིང་རྒྱསཔ་སྦེ་མཛད་གནང་ནུག
དེ་ལས་སྤྱི་ལོ་ ༡༩༡༥ འབྲུག་གི་རྗེ་མཁན་ཁྲི་རབས་ ༥༠ པ་རྗེ་འཇམ་དཔལ་བཤེས་གཉེན་མཁན་ཁྲི་ནས་གཞོལ་ཏེ་དཔལ་ན་ལནྡྲའི་གཙུག་ལག་ཁང་ནང་ལུ་བྱོན་ནས། ས་ཡོམ་གྱི་འཇིགས་པས་གཙུག་ལག་ཁང་དེ་ཉམས་ཆག་བྱུང་མི་འདི་ཉམས་གསོ་མཛད་ཡོདཔ་མ་ཚད་ གཙུག་ལག་ཁང་གི་ཐོག་གོང་མ་ཡར་སེང་ནང་རྟེན་དང་བཅས་གྲུབ་གནང་ནུག། དེ་ལས་སྤྱི་ལོ་ ༡༩༩༣ ལུ་མི་དབང་མངའ་བདག་རིན་པོ་ཆེ་ལུ་སྙན་གསན་ཞུ་ནས། སྤང་དཀར་རྣམ་རྒྱལ་ཆོས་གླིང་གི་སྒྲུབ་སྡེ་བཙུགས་པའི་དུས་ཚོད་དང་འཁྲིལ་ཏེ་ སྤུངས་ན་ཁའི་རྫོང་ནང་ལས་བློ་གསར་དགེ་སློང་ཉི་ཤུ་རྩ་ལྔ་འཐུ་སྟེ་བཤད་གྲྭ་འགོ་བཙུགས་པའི་སྐབས་སུ། ཕ་མ་མེད་པའི་དྭ་ཕྲུག་བུ་ཚུ་དྲུག་ཅུ་ཙམ་ཡོངས་སུ་འདུ་སྟེ་སངས་རྒྱས་ཀྱི་བསྟན་པ་མི་ཉམས་པར་དཔལ་ལྡན་འབྲུག་པའི་བཤད་པའི་སྡེ་ད་ལྟོའི་བར་ན་ཡང་ཡོངས་སུ་གྲགས་འདི་ཡོད།
ས་གནས་སྤུངས་ན་ཁ་ལུ་སྐྱབས་རྗེ་ རྗེ་མཁན་ཁྲི་རབས་དགུ་པ་རྒྱལ་བ་ཤཱཀྱ་རིན་ཆེན་མཆོག་གིས་བཞེངས་གནང་བའི་དཔལ་ན་ལནྡྲའི་གཙུག་ལག་ཁང་འདི་སངས་རྒྱས་ཀྱི་བསྟན་པ་ ལྷག་པར་དུ་དོན་རྒྱུད་དཔལ་ལྡན་འབྲུག་པའི་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་འབད་དེ་ཡོངས་སུ་རྒྱས་པའི་སྨོན་ལམ་ཞུའོ།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
ཞུན་དག༡༽ ཤྲི་ན་ལནྡྲའི་གནས་བཤད་གསལ་བའི་མེ་ལོང་བཞུགས་སོ།
༢༽ སློབ་དཔོན་ཡོན་ཏན་རྒྱལ་མཚན།
༣༽ རྒྱལ་བ་ཤཱཀྱ་རིན་ཆེན་གྱི་རྣམ་ཐར་ཆེན་མོ་ལྷག་པའི་བསམ་པ་བསྐུལ་ཞིང་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་གཏམ་དམ་པའི་ཆོས་ཀྱི་གཎྜིའི་སྒྲ་དབྱངས་སྙན་པའི་ཡན་ལག་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།
༤༽ སྤུངས་ཐིམ་གཞུང་གྲྭ་ཚང་ལྟེ་བའི་ཡན་ལག་ནཱ་ལནྡྲ་བཤད་གྲྭའི་དཔེ་མཛོད་ཁང་།
https://www.facebook.com/GyalwangShachaRinchen/?locale=he_IL